[清空]播放记录
འཇིག་རྟེན་འདིར་ཆེས་འཇིགས་སུ་རུང་བ་ནི་རྐང་སྒྲོག་ལག་སྒྲོག་དང་རྐང་ལྕགས་ལག་ལྕགས་བརྒྱབ་ཅིང་། ཚེར་མའི་ལམ་དང་ལྕགས་གྱི་མཁར་ནང་གི་ཁྲི་མུན་བཙོན་དུ་བཅུག་ནས་འགྲོ་འདུག་ལ་རང་དབང་ཡོངས་སུ་བྲལ་བའི་བཙོན་མ་ཉིད་ལས་མ་འདས་ལ། དེ་ལས་ཀྱང་འཇིགས་སུ་རུང་བ་ནི་མི་སེམས་སུ་གཟུགས་མེད་ཀྱི་ལྕགས་སྒྲོག་ཞིག་གིས་བསྡམས་བཀྱིག་བཟུང་གསུམ་བྱས་ཏེ་རང་ཉིད་རང་གི་བཙོན་མ་རུ་གྱུར་ཏེ་ལུས་པོ་བཙོན་ཁང་དང་སེམས་པ་བཙོན་མ་རུ་གྱུར་བ་དེའོ།།
དེ་བས། མི་སུས་ཀྱང་རང་རང་ས་ནས་ཆེ་ན་ཆུང་ན་རང་ཉིད་ཀྱི་གནམ་ས་ཞིག་བསྐྲུན་ཏེ་དེའི་སྟེང་ནས་རང་ཉིད་ལ་དབང་བའི་བྲོ་གར་ཞིག་འཁྲབ་འདོད་ཡོད། མི་ལ་ལས་རང་ཉིད་ཀྱི་གནམ་ས་ཞིག་བསྐྲུན་པའི་གོ་རིམ་ཁྲོད་དུ་མཐར་རང་ཉིད་ལ་གཟུགས་མེད་ཀྱི་ར་བ་ཞིག་བསྐྲུན་པས། ནམ་ཡང་རང་ཉིད་རང་ཉིད་ཀྱི་ར་བ་ལས་ཐར་ཐུབ་ཀྱིན་མེད། མི་དེ་ཚོར་མཚོན་ན་ཆེས་དཀའ་་བ་དང་ཆེས་སྡུག་པ་ནི་རང་ཉིད་རང་ཉིད་ལས་ཐར་དུ་འཇུག་རྒྱུ་དེ་ཡིན་མོད། ཡང་གཅིག་བཤད་ན། མཚམས་ལན་རེར་ང་ཚོས་ཇི་ལྟར་རང་ཉིད་ལས་ཐར་ཐབས་བྱས་པ་དེ་ཙམ་གྱིས་དེ་ལྟར་རང་ཉིད་ལ་བཙོན་ར་གཞན་པ་ཞིག་བསྐྲུན་བཞིན་ཡོད་པས། སྤྱིར་ན་མི་ཞིག་བཙོན་ར་ལས་ཐར་རྒྱུ་ཅི་བས་ཀྱང་དཀའ་ལ་ལྷག་ཏུ་བཙོན་ར་དེ་ནི་རང་གིས་བསྐྲུན་པ་ཡིན་དུས་དེ་ལས་ཀྱང་བཤད་མ་དགོས།
ཡང་རང་ཉིད་ཀྱི་ཕུགས་བསམ་དང་འདུན་མའི་ཆེད་དུ་ཕྱི་ཡི་བཀག་རྒྱ་སྣ་ཚོགས་གདོང་གིས་བསུས་ཤིང་། དཀའ་བ་དང་དུ་བླངས་ངལ་བ་རྒྱབ་དུ་བསྐྱུར་ནས་ཅི་ནུས་གང་ཐུབ་ཀྱིས་རང་ཉིད་ལ་དབང་བའི་གནམ་ས་ཞིག་ཏུ་རང་ཉིད་ཀྱི་བྲོ་གར་བསྒྱུར་ན་དེ་ནི་ད་གཟོད་གཞན་སྨོན་རང་སྐྱིད་ཅིག་ཅི་མ་མིན་ཏེ། ང་རང་གིས་ཀྱང་རྟག་ཏུ་འདོད་པ་ནི་དེེ་ཡིན་ལ། གཅིག་ན་རང་ཉིད་རང་ཉིད་ལས་ཐར་ཐབས་བྱས་ཏེ་གཉིས་ནས་ད་གཟོད་རང་ཉིད་ལ་དབང་བའི་གནམ་ས་ཞིག་ནས་བྲོ་གར་བསྒྱུར་འདོད་པ་ནི་ཇི་འདྲའི་དཀའ་མོའི་ནང་གི་དཀོན་མོ་ཞིག་རེད་ཨང་།
འོན་ཀྱང་ཁྱེད་ཀྱིས་དེ་ལྟར་ནུས་ལ། ཆེས་མཐའ་མར་རང་ཉིད་ལ་དབང་བའི་གར་སྟེགས་ཤིག་ནས་རང་ཉིད་ཀྱི་ས་ནས་རང་ཉིད་ལ་དབང་བའི་ས་ཞིག་བཤགས། གནམ་ཞིག་ཕྱེ་ནས་དགའ་བའི་བྲོ་གར་བསྒྱུར་སྐབས། ངས་ཁྱེད་ཀྱི་ཆེད་དུ་དགའ་བའི་མཆི་མ་ཤོར། རང་གི་ཆེད་དུ་སྐྱོ་བའི་མཆི་མ་བཏོན། ཁྱེད་ཀྱིས་སྙིང་སྟོབས་ཆེན་པོས་གནམ་སའི་ཧྲག་བར་ཕྱེ་ནས་གནམ་ལ་ཨི་ཁུང་ཞིག་བཏོན་ཞེས་བཤད་ཆོག དེའི་རག་བར་དུ་ཁྱེད་ལ་ཕམ་ལྟུང་དང་ཡི་ཆད། བློ་ཕམ་སོགས་ཅི་འདྲ་ཞིག་བྱུང་བ་བློ་ངོར་མི་ཤོང་ལ། ཕ་རྒན་གྱིས་བློ་ཁ་བསྒྱུར་ཏེ་རང་གི་རྩ་དོན་ཡང་ཐལ་བའི་རྡུལ་དུ་བརླགས་པ་ཡང་ཅི་འདྲའི་སྙིང་ན་ཡང་ན་ལ་སྙིང་རྗེ་ཡང་རྗེ་བ་ཞིག་རེད་ཨང་། གང་ལྟར། ཁྱེད་ཀྱིས་རང་ཉིད་ཀྱི་རྔུལ་ཆུ་ལ་བརྟེན་ནས་རང་ཉིད་ལ་དབང་བའི་ནམ་མཁའ་དང་ས་གཞི། གར་སྟེགས་སྟེང་ནས་མཛེས་བའི་འཇའ་གུར་ཕུབ་རྒྱུ་བྱུང་བ་དེ་ནི་ཅི་འདྲའི་དགའ་འོས་པ་དང་སྨོན་རི་བ། སེམས་བྲོད་པ་ཞིག་རེད་ཨང་།
ང་ཚོས་ཀྱང་ཁྱེད་ནང་བཞིན་རང་ཉིད་ལ་དབང་བའི་གནམ་ས་ཞིག་ཕྱེ་མི་ཐུབ་རུང་། རང་རང་ས་ནས་རང་ལ་དབང་བའི་བྲོ་གར་ཞིག་འཁྲབ་རྒྱུ་བྱུང་ན་ཅིས་མ་རུང་།